ཡིག་ཚགས།

All posts for the month 2012 ལོའི་ཟླ 2

སྙིང་ཉེ་ཞིང་ངོ་མི་ཤེས་པའི་མི་ལགས།

Published ཟླ་གཉིས་པ། 20, 2012 by Tsering kyi

 

ས་ཆེན་པོ་སྔར་བཞིན་བརྟན་ཞིང་། གནམ་སྔོན་པོ་སྔར་བཞིན་རྒྱ་ཆེ་ཡང་། བོད་ཀྱི་གནམ་འོག་ཏུ་བདག་གི་སྤུན་ཟླ་ཚོའི་ངུ་སྐད་ད་དུང་ཡང་འཇག་མེད་པས། ངས་ཀྱང་རྨི་ལམ་དང་དངོས་ཡོད་མཉམ་དུ་བསྲེས་ནས་ཁྱེད་ཚོའི་བདེ་སྡུག་སྔར་བཞིན་ དབྱངས་ལ་འགུག་བཞིན་ཡོད། འདི་ལྟར་བཤད་ན་ཁྱེད་ཀྱིས་ངའི་སྐད་ཆའི་གོ་བ་ལོན་ནམ།

ལོ་ཟླ་འདི་ཚོའི་ནང་དུ། ང་ཚོ་ལྟར་ཕ་མ་དང་ནང་མི། ཡང་ན་བཟའ་ཟླ་དང་བུ་ཕྲུག ཡང་ན་བྱ་བཞག་དང་ཞེན་ཆགས་ཡོད་པའི་ན་གཞོན་ཕོ་མོ་གང་མང་ཞིག་གིས། འཇིག་རྟེན་འདི་རུ་ཆེས་འཇིག་རུང་གི་ལམ་ཀ་ཞིག་གམ། ཡང་ན་ཆེས་བློ་སྟོབས་ཆེ་བའི་ལམ་ཀ་ཞིག་གདམས་ཏེ། རེ་རེ་ཡིས་བ་སྤུ་དང་རུས་པ་འཚིགས་བཞིན་འབོད་སྒྲ་ཞིག་དང་སེམས་མདུན་ཞིག་ཁུར་ཏེ་ང་ཚོ་དང་གཏན་ཏུ་བདེ་མོ་བཞག་སོང་།

མི་དེ་དག་ནི་ང་ཚོས་རྒྱུན་ཏུ་བརྗོད་པའི་ངའི་ཕ་མ་དང་ནང་མི། ཡང་ན་དགའ་ཉེ་སྤུན་ཟླ་སུ་ཡང་མ་ཡིན་ལ། མི་དེ་ཚོ་ནི་ངས་མི་ཚེ་འདིར་མིག་གིས་མཐོང་མ་མྱོང་བ་རྐྱང་རྐྱང་རེད་མོད། ཡིན་ན་ཡང་མི་དེ་དག་གིས་ང་དང་ཁྱེད། ད་དུང་ཁོ་དང་ཁོ་མོ་ལ་སོགས་པའི་ཐུན་མོང་གི་གནས་ཚང་དང་ཐུན་མོང་གི་རྨི་ལམ་ཞིག་ གི་ཕྱིར་དུ། རང་གི་ན་ཟུག་དང་རང་གི་ཞེན་ཆགས་ཡོད་ཚད་རླུང་ལ་སྐུར་ཏེ། རེ་རེ་བཞིན་ག་ལེར་ཆེས་མུན་ནག་གི་འཇིག་རྟེན་དེ་ལ་ཆེས་སྡུག་རྩུབ་ཆེ་བའི་ལམ་ཀ་ ཞིག་གདམས་ནས་ཕྱིན་སོང་། དེ་བས་ཤ་རུས་གཅིག་ཅིང་རེ་མདུན་གཅིག་པའི་ངོ་མི་ཤེས་པའི་མི་དེ་དག་ནི་ང་ཡི་ནང་ མི་དང་སྤུན་ཟླ་ལས་ལྷག་པའི་རླབས་ཆེ་ཞིང་། ངས་དུང་བ་དང་ཧབ་ཞེན་ཡོད་ཚད་ལག་པའི་འཁྱོར་བས་སྐྱོར་ཏེ་ང་དང་གྱེས་ཟིན་པའི་མི་དེ་ཚོར འབུལ་ན་འདོད།

མི་ལ་ཤས་ཀྱིས་དམར་པོ་མེ་དང་འབར་བའི་མེ། འཚིགས་པར་བྱེད་པའི་མེ་དང་མཉམ་དུ་རུས་ཐལ་གྱུར་ཟིན་པའི་ཁྱེད་ཚོའི་གནས་ཚུལ་གོ་ཐེངས་རེར། མ་ཎི་རེ་འདོན་ཞིང་། གདུང་སེམས་མཉམ་སྐྱེད་ཡོད་རེ་ལབ་ལ། ཡང་རྒྱ་ནག་ལ་ཚིག་ནག་རེ་འཕངས་ཏེ་བུད་འགྲོ  ཤུལ་དུ་ངས།  ཁྱེད་ཚོས་རེ་བ་གཅིག་ཁོ་ནའི་ཆེད་དུ་ན་ཟུག་ཡོད་ཚད་ལ་གདོང་ལེན་བྱ་བའི་སྐབས་དེ་དང་། ཐོག་མར་ཆོད་སེམས་བཞག་པའི་རྒྱུད་རིམ་ཁྲོད་དུ་སྙིང་ཉེ་བའི་ཕ་ལོ་མ་ལོ་དང། སེམས་དུང་བའི་སྙིང་ཉེ་ཆུང་མ། ཞེན་ཆགས་སའི་བུ་ཕྲུག་དམར་རྗེན་སོགས་བློས་མི་ཐོངས་པའི་བསམ་བློ་ལ་ཇི་འདྲའི་འགལ་འདུ་སྣ་མང་ཞིག་སླེབས་མྱོང་བ་སོགས་ཀྱི་རྒྱུད་རིམ་ཡོད་ཚད་བསམ་ཞོར།  ངས་མཚན་མོ་མང་པོ་འཆར་ཡན་ལྟ་བུའི་ཁྲོད་དུ་གཟུགས་བརྙན་བཞེངས་ཤིང་། ངས་མིག་ཆུ་དང་ལྷན་དུ་ཁེར་བཤད་དང་སྟོང་འདང་གི་ཁྲོད་ནས་ཉིན་ཞག་བརྩི་དུས། ངས་ཁྱེད་ཀྱི་ན་ཟུག་ལ་ལག་པ་འཆིངས་མི་ཐུབ་ཅིང་ངས་ཁྱེད་ཀྱི་སྙིང་ཉེ་བའི་མི་ཚོར་སེམས་གསོ་བྱ་ཐབས་བྲལ་དུས། ང་རང་མྱ་ངམ་ཐང་དུ་སྐོམ་གདུང་གིས་མནར་བའི་སྲོག་ཆགས་ཤིག་ལྟར། འཚོ་བའི་ཁ་དོག་ཡོད་ཚད་ཡལ་ཞིང་། ངས་རང་གི་སྐྲ་ལོ་དང་ངོ་གདོང་ལ་སྤར་ཤད་ཡང་ཡང་བྱ་དགོས་བྱུང་། 

མཚམས་རེར་ཐབ་ཚང་གི་ནང་དུ་ལས་ཞོར་དུ་ལག་པ་མེ་འོད་ལ་ཐུག་ཙམ་བྱེད་སྐབས། དེ་མ་ཐག་ངས་ཁྱེད་ཚོའི་མྱོང་བ་ལ་བསམ་གཞིགས་བྱ་དགོས་བྱུང་ཞིང་། ངས་བཙན་པོའི་རྒྱུད་པ་ཞིག་གི་དཔའ་ངར་ཡོད་པའི་ཁྱེད་ཚོའི་སྙིང་རྩ་དང་བློས་གཏོང་། དཔའ་ངར་དེ་གང་ནས་རྙེད་པར་བསམ་གཞིགས་ཡང་ཡང་བྱ་དགོས་བྱུང་ལ། ཡང་མཚམས་རེར་ངས་ང་དང་ང་ཚོར་འབྲེལ་བ་མེད་པའི་མི་དེ་ཚོར་ཁྱེད་ཚོའི་ཤུལ་རྗེས་གླེང་སྐབས། མི་དེ་ཚོས་དེ་ནི་ལྷ་སྒྲུང་ལྟ་བུའི་འདུ་ཤེས་ལ་འཛིན་ཞིང་། ཡང་མི་དེ་ཚོས་དེ་ནི་ཇི་འདྲའི་གུས་བཀུར་འོས་ཤིང་དང་བསམ་བློའི་དཔའ་ངར་ལྡན་ པའི་མི་རིགས་ཤིག་རེད་ཨང་ཞེས་ཀྱང་བསྟོད། ཡིན་ན་ཡང་དེའི་ཤུལ་དུ་ངས་བསྐྱར་དུ་ཁྱེད་ཚོའི་འདོད་པ་དང་མདུན་པ་དེའི་སླད་དུ་བསམ་གཞིགས་བྱ་དགོས་བྱུང་།

ཞོགས་པ་གཉིད་ལས་སད་ཐེངས་རེར་སྙིང་རྩ་འདར་གྱིན་རྒྱུད་ལམ་ཁག་ཏུ་ལྟ་དགོས་བྱུང་ལ། བསྐྱར་དུ་ལྷ་སྒྲུང་ནང་གི་སྐར་ཆེན་ལྟ་བུའི་གནས་ཚུལ་རེ་བྱུང་མེད་འགྲོ་བསམ་པའི་ཞེད་སྣང་གི་ལག་པ་འདར་བར་བྱེད། ད་ལྟ་ད་དུང་མུ་མཐུད་ནས་དམར་པོ་མེ་ཡི་འབར་ལམ་ན། ཤ་དང་རུས་པས་གྲུབ་པའི་ང་དང་འདྲ་བའི་ཁྱེད་ཚོ་འབར་གྱིན་འདུག་ལ། ད་དུང་མུ་མཐུད་ནས་སྤར་བར་འདུག ངས་མུ་མཐུད་ནས་འདི་ལྟ་བུའི་ཟློས་གར་ལ་ལྟ་ན་མི་འདོད་ལ། ངས་མུ་མཐུད་ནས་འཇམ་ཅག་གེར་དང་ཡང་ན་ཀུ་ཡངས་པོས་འབོད་སྒྲ་རེ་བསྒྲགས་ནས་ཆོག་ཙམ་བྱེད་པའི་མི་ཚོགས་ཤིག་གི་རྣམ་འགྱུར་ལ་ལྟ་འདོད་མ་བྱུང་། ངས་མུ་མཐུད་ནས་ཁྱེད་ཚོའི་བློས་གཏོང་དེ་མགོ་བདེ་བྲན་འཁྲུལ་ཁ་ཤས་ཀྱི་རྩེད་ཆས་དང་རྡོ་ཐེམ་ལ་འགྱུར་དུ་མཇུག་མི་འདོད་ལ། ངས་མུ་མཐུད་ནས་ཁྱེད་ཚོའི་ཤ་དང་རུས་པ་དེ་སྙིང་གི་འཕར་ལྡིང་བར་ན་འབར་བའི་འཚིགས་སྒྲ་དང་བསྲེགས་པའི་མེ་འོད་དེ་ཚོ། རོ་སྒམ་དུ་བཅུག་པའི་ཀེང་རུས་དེའི་འགྲམ་གྱི་མེ་ཏོག་རྙིད་པོ་དེར་འགྱུར་དུ་མཇུག་མི་འདོད།

མི་ལ་ཤས་ཀྱིས་ཁྱེད་ཚོ་དཔའ་བོ་རེད་ཟེར། མི་ཁ་ཤས་ཀྱིས་ཁྱེད་ཚོ་རླབས་ཆེན་རེད་ཟེར། དེ་ལྟ་བུའི་མཁའ་དབྱིངས་དང་ཀུ་ཅོ་ཡི་བར་དུ་མི་ཡོད་ཚད་ཀྱིས་རང་གིས་ཤེས་པ་དེ་གླེང་བཞིན་ངོས་དང་ཟུར་མང་པོ་རུ་འུར་ཟིང་ཟིང་བཟོ་བཞིན་པའི་སྐབས་འདིར། ཁྱེད་ཀྱི་ཤ་དང་རུས་པས་གྲུབ་པའི་ཕུང་བོ་དེ་རུས་ཐལ་དུ་གྱུར་བའི་འགྲམ་དུ། ཨ་མ་རྒན་མོ་ཞིག་གི་སྙིང་གི་གཅེས་ལོ་ཟེར་ནས་ངུ་སྐབས་ཤོར་གྱིན་པའི་སྣང་བརྙན་ཞིག་མཐོང་ཡོང་ལ། ཡང་བུད་མེད་ན་གཞོན་མ་ཞིག་གི་རེ་ཐག་ཆད་པའི་མིག་འོད་ཅིག་མཐོང་ཡོང་། ད་དུང་བྱིས་པ་སྣབས་ལུགས་ཤིག་གིས་ཡ་མཚར་ཏེ་རིག་རིག་མིག་གིས་ཁྱེད་ལ་ཅེར་བའི་ངང་ཚུལ་ཞིག་མཐོང་ཡོང་ན། ཁྱིམ་གཞི་དེ་རུ་མཚོན་ན་ཁྱེད་རང་གནམ་དང་ས་གཉིས་ཆ་ཡིན་པ་བསམ་ན་ངས་བསྐྱར་དུ་ཁྱེད་ཀྱི་བློས་གཏོང་ལ་བསམ་གཞིགས་བྱེད་དེ་རིན་ཐང་འཇལ་དགོས་བྱུང་། ཁྱེད་ཀྱིས་དང་དུ་བླངས་ཟིན་པའི་ཆེས་ཆེ་བའི་འགན་འཁྲི་དེ་ལ། མི་ཚོགས་ཀྱིས་ཀུ་ཅོ་དང་འུར་ཟིང་ལས་བརྒལ་བའི་མདུན་པ་ཁོ་ན་གླེང་བའི་དར་ཤིང་དེ་འཛུགས་སྲིད་དམ། སྙིང་ཉེ་ཞིང་ངོ་མི་ཤེས་པའི་མི་ལགས།

འཇིག་རུང་གི་ལོ་ཟླ་འདི་རུ། འཇིག་རུང་གི་གཏམ་རྒྱུད་མང་པོ་ད་དུང་འབྱུང་གིན་འདུག ངས་ཀྱང་ད་དུང་སྐྱོ་གར་ཁོ་ན་སྨྲ་བའི་གཏམ་རྒྱུད་འདིའི་མཇུག་སྐྱོང་གི་ཡོད།